དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།

2023-04-30 08:26:40   |   99

རྩོམ་སྒྲིག    སངས་དོན།     ཡོང་ཁུངས།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ4པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ནས་བལྟས་ན། ད་ལོར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ས་གནས་དང་སྡེ་ཁག་སོ་སོས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་སྤྱི་འདོམས་གང་ལེགས་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྔར་ལས་གང་ལེགས་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་ལས་ཡག་པོ་བྱས་པའི་དབང་གིས། རང་རྒྱལ་གྱི་རིམས་ནད་འགོག་སྡོམ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་སླར་གསོ་བྱས་ནས་རྒྱུན་རྣམ་ཅན་གྱི་ངང་ནས་འཁོར་སྐྱོད་བྱས་ལ། སྤྱི་ཁོག་སྲིད་ཇུས་ཀྱིས་མཐུན་སྦྱོར་ཤུགས་འདོན་བྱས་པ་དང་། དགོས་མཁོ་ཆུང་དུ་འགྲོ་བ་དང་མཁོ་སྤྲོད་ཀྱི་མཆོང་རྒོལ། སྔོན་དཔག་འཁོར་རྒྱུག་ཇེ་ཞན་དུ་འགྲོ་བ་བཅས་ཀྱི་གནོན་ཤུགས་ཆེན་པོ་གསུམ་ཞི་ལྷོད་དུ་བཏང་བར་མ་ཟད། དཔལ་འབྱོར་འཕར་སྣོན་སྔོན་དཔག་ལས་བཟང་བ་དང་ཁྲོམ་རའི་དགོས་མཁོ་རིམ་བཞིན་སླར་གསོ་བྱས་པ་ལས་གཞན། དཔལ་འབྱོར་འཕེལ་རྒྱས་ལེགས་ཕྱོགས་སུ་འཕེལ་ནས་རྣམ་པ་བཟང་བོ་མངོན་པར་མ་ཟད། དཔལ་འབྱོར་འཁོར་རྒྱུག་གི་མགོ་ཡག་པོ་བརྩམས་ཡོད།

གྲོས་ཚོགས་ལས་བསྟན་དོན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ཇེ་ལེགས་སུ་འགྲོ་བ་དེ་གཙོ་བོ་སླར་གསོའི་རང་བཞིན་ལྡན་པ་ཞིག་ཡིན་ནའང་། ད་དུང་ནང་གནས་ཀྱི་སྒུལ་ཤུགས་ད་དུང་ཆེན་པོ་མེད་པ་དང་དགོས་མཁོ་སྔར་བཞིན་མི་འདང་བ། དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ཐད་འགོག་རྐྱེན་གསར་པ་དང་འཕྲད་ཀྱིན་པ་བཅས་ཀྱི་དབང་གིས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་སེལ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་བསྐྲུན་པ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། སྲིད་ཇུས་ཀྱི་ཕན་འབྲས་འདོན་སྤེལ་དང་ཚོང་གཉེར་གྱི་རང་བདག་གསོན་ཤུགས་འཕེལ་བར་བྱེད་པ་བཅས་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱས་ནས། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྔོན་དཔག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཉེན་ཁ་དང་འགལ་རྐྱེན་རྒྱུན་མཐུད་ངང་སེལ་བ། བབ་བསྟུན་འཕྲལ་སྒྲུབ་བཅས་ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་སྟེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་སྒོས་ཇེ་མཐོར་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། དངོས་ཕུང་དཔལ་འབྱོར་འདེགས་སྐྱོར་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་པར། གནས་བབ་དང་ལྡོག་ནས་འཕེལ་རྒྱས་སུ་གཏོང་བ་དང་ཞན་ཆ་ཡོད་པའི་ཁྱབ་ཁོངས་ཁྲོད་ནས་ཐོད་བརྒལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་ལ། གནས་བབ་དང་བསྟུན་ནས་སྒྲུབ་དགོས་པ་དང་ལེགས་ཆའི་ཁྱབ་ཁོངས་ཁྲོད་སྔར་ལས་སྟོབས་ལྡན་དུ་གཏོང་དགོས། ཚན་རྩལ་གྱི་རང་སྟོབས་རང་སྤེལ་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ལྡན་དུ་གཏོང་དགོས། ནུས་ཁུངས་གསར་པའི་རླངས་འཁོར་འཕེལ་རྒྱས་ཀྱི་ལེགས་ཆ་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གློག་གསོག་ཡོ་བྱད་དང་ནུས་རྒྱུ་གསོག་འཇོག་སོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་དང་མ་ལག་ཚང་བའི་གློག་དྲ་སྒྱུར་བཀོད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། མིས་བཟོས་རིག་ནུས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ནས་སྐྱེ་ཁམས་གསར་གཏོད་དང་ཉེན་ཁ་འགོག་ཟོན་ལ་མཐོང་ཆེན་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དགོས་མཁོ་སླར་གསོ་དང་རྒྱ་སྐྱེད་གཏོང་རྒྱུ་ནི་མིག་སྔའི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་གཏོང་བའི་འགག་རྩ་ཡིན། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་སྣོན་པ་དང་། བབ་བརླིང་དང་བདེ་ཐང་གི་དངུལ་ལོར་སྲིད་ཇུས་གནད་འཁེལ་ནུས་ལྡན་ཡོང་བར་བྱས་ཏེ། དགོས་མཁོ་ཆེ་རུ་གཏོང་བའི་མཉམ་ཤུགས་ཤིག་གྲུབ་པར་བྱེད་དགོས། ཐབས་ལམ་མང་པོར་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་ཡོང་འབབ་སྔར་ལས་ཇེ་མང་དུ་གཏོང་བ་དང་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། རིག་གནས་ཡུལ་སྐོར་སོགས་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་དངུལ་གཏོང་དང་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དམངས་ཁྲོད་ཀྱི་དངུལ་གཏོང་ལ་སྐུལ་ཁྲིད་ནུས་ལྡན་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་བྱས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ཀྱི་དྲང་གཞག་འགྲན་རྩོད་དང་ཐུན་མོང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འགོག་རྐྱེན་དང་འགལ་རྐྱེན་ཅི་རིགས་མེད་པར་བཟོས་ནས། ཚོང་གཉེར་མཁན་གྱི་ཡིད་ཆེས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་ཁེ་ལས་སླར་གསོ་ཡོང་རྒྱུར་རོགས་རམ་བྱེད་དགོས། ཁེ་ལས་རིགས་སོ་སོས་བཅའ་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་ཚོང་གཉེར་བྱེད་དགོས། ཁེ་ལས་ཀྱི་རྩིས་ཐོ་དང་གྲོན་དངུལ་འགོར་འགྱངས་གཏོང་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་དགོས། ལས་སྟེགས་ཁེ་ལས་ཚད་ལྡན་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ལས་སྟེགས་ཁེ་ལས་གཙོ་བོས་འཚོལ་ཞིབ་གསར་གཏོད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་བྱ་རྒྱུའི་ཇུས་གཞི་དོན་འཁྱོལ་ནན་ཏན་བྱས་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་་འགུག་རྒྱུ་དེ་སྔར་ལས་གལ་འགངས་ཆེ་ཤོས་སུ་བརྩིས་ནས། ཕྱི་ཕྱོགས་ཉོ་ཚོང་གི་ཕྱི་རྒྱལ་མ་དངུལ་གྱི་གཞི་རྩའི་སྡེ་བརྟན་པོ་བཟོ་དགོས། ཆ་རྐྱེན་འཛོམས་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་རང་མོས་ཉོ་ཚོང་གྲུ་ཁ་གཉིས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་སྦྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་གང་ལེགས་བྱས་ནས། བཅོས་སྒྱུར་སྒོ་འབྱེད་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་སེལ་བྱས་ནས། དངུལ་ཁང་ཆུང་འབྲིང་དང་ཉེན་ཚབས། ཡིད་རྟོན་མངགས་བཅོལ་བཅས་ཀྱི་ལས་ཁུངས་ཀྱི་བཅོས་སྒྱུར་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཡག་པོར་སྒྲུབ་དགོས། སྡོད་ཁང་ནི་འདུག་སའི་གནས་ཡིན་པ་ལས་ཁེ་སྤོགས་བཙལ་སྤྱད་མིན་པའི་གནས་ཐིག་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་སྤྱོད་པ་དང་། འགྱུར་བ་མེད་པ་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱེད་པ། སྡོད་ཁང་རྩིས་སྤཽརད་དང་དམངས་ཚིས། བརྟན་ལྷིང་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་ཁང་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཤིན་ཏུ་ཆེ་བའི་གྲོང་ཁྱེར་དུ་གྲོང་ཁྱེར་ནང་གི་གྲོང་སྡེ་སྒྱུར་བཀོད་དང“འཕྲལ་ཕུགས་ཉིས་སྤྱོད”ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གང་ལེགས་གཏོང་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་འཆར་འགོད་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ལ་ཤུགས་བསྣན་ནས། མངོན་མེད་བུ་ལོན་གསར་པར་ཚོད་འཛིན་ནན་མོ་བྱེད་དགོས། པྲོག་གསར་རིམས་ནད་འགོག་སྡོམ་ལས་དོན་ལ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། དམངས་ཚིས་འགན་ལེན་དང་ལེགས་བཅོས་ཏན་ཏིག་གིས་སྒྲུབ་པ་དང་། ལས་ཞུགས་སྔོན་ལ་འཇོག་པའི་ཁྲིད་ཕྱོགས་ལ་ཤུགས་སྣོན་པ། སློབ་ཆེན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཞིང་པ་ཞོར་ལས་པ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་བརྟན་པོ་ཡོང་བ་བཅས་བྱེད་དགོས། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་བཅངས་ནས་བདེ་འཇགས་ཐོན་སྐྱེད་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། དབྱར་དུས་ཀྱི་གློག་མཁོ་འདོན་འགན་ལེན་ཡག་པོ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་འགན་ལེན་དམ་འཛིན་ཡག་པོ་བྱེད་པ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་མ་ལག་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཀུན་གྱི་སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་ནས། གནད་དོན་ལ་དམིགས་ཏེ་ཁེ་ལས་དང་གཞི་རིམ་གྱི་དཀའ་ངལ་སེལ་རོགས་བྱེད་དགོས།