དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

རྐང་ཚ་རྫོང་བོད་སྨན་ཁང་གི་སྐབས་དང་པོའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་སྦྱོར་བཟོའི་ལག་ལེན་ཡོངས་སུ་གྲུབ།

2023-08-15 10:47:03   |   1418

རྩོམ་སྒྲིག  སངས་རྒྱས་སྐྱིད། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་སྐོར་གྱི་རྣམ་བཤད་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་བསམ་འཆར་འགའ་ཞིག》གི་དགོངས་དོན། དེ་བཞིན་ཞིང་ཆེན་དང་ཁུལ་གྱི་ཀྲུང་བོད་གསོ་རིག་བྱ་གཞག་འཕེལ་རྒྱས་སྐོར་གྱི་ཐབས་ཇུས་དོན་འཁྱོལ། རྐང་ཚ་རྫོང་གི་ཀྲུང་བོད་གསོ་རིག་གི་བྱ་གཞག་སྔར་ལས་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ནས་ཞབས་ཞུའི་སྤུས་ཚད་དང་ནུས་པ། མང་ཚོགས་ཀྱི་ཀྲུང་བོད་གསོ་རིག་གི་བདེ་ཐང་ཞབས་ཞུའི་དགོས་མཁོ་སྐོང་ཆེད། ཆེད་སྤྱོད་མ་དངུལ་དམངས་སྒོར་ཁྲི་ཉིས་བརྒྱ་དང་གཅིག་བཏང་ནས་རིན་ཆེན་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་སྦྱོར་བཟོའི་མགོ་བརྩམས་ཤིང་། ཟླ་བཅུའི་རིང་ལ་ཞིབ་ཅིང་ཕྲ་བའི་སྔོན་འགྲོའི་བྱ་བ་དག་སྒྲུབ་པ་བརྒྱུད། ཟླ7པའི་ཚེས21ཉིན་ནས་དངོས་སུ་མགོ་བརྩམས་ཏེ་ཟླ8པའི་ཚེས9ཉིན་བར་ཏེ་ཁྱོན་བསྡོམས་ཉིན་ཉི་ཤུའི་རིང་ལ་དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་སྦྱོར་བཟོའི་བྱ་བ་ཡོངས་སུ་གྲུབ། 

༡.png

དངུལ་ཆུ་འདུལ་སྦྱོང་གི་ལག་ལེན་ནི་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས།  སྨན་རྫས་ཐོན་སྐྱེད་ཀྱི་གནད་འགག་གཙོ་བོ་ཞིག་ཡིན་པར་མ་ཟད། བོད་སྨན་ལ་དམིགས་བསལ་དུ་ཡོད་པའི་འདུལ་སྦྱོང་ལག་རྩལ་ཞིག་དང་། བོད་སྨན་སྨན་སྦྱོར་ཐོན་སྐྱེད་ཁྲོད་ཀྱི་གོ་རིམ་གལ་ཆེན་ཞིག་དང་བོད་སྨན་གྱི་ཉིང་བཅུད་ཀྱང་ཡིན། དངུལ་ཆུ་འདུལ་སྦྱོང་ནི་བྱ་དཀའ་ལ་དམིགས་བསལ་ཡིན་པས་ཉམས་མྱོང་ཡོད་པའི་སློབ་དཔོན་ཞིག་གི་མཛུབ་སྟོན་མེད་ན་འདུལ་དཀའ། འདུལ་བའི་གོ་རིམ་ཁྲོད་དུའང་སྨན་སྣ་མི་འདྲ་བ་བརྒྱ་ལྷག་གིས་ཡང་དང་བསྐྱར་དུ་བཀྲུ་བ་སོགས་ཐབས་སྣ་མང་སྤྱོད་པའི་འདུལ་ཐབས་ཤིག་ཡིན། དངུལ་ཆུ་འདུལ་སྦྱོང་ལེགས་གྲུབ་བྱུང་བའི་བཙོ་ཐལ་ནི་མུ་ཏིག་བདུན་བཅུ་སོགས་རིན་ཆེན་སྐོར་གྱི་སྨན་སྦྱོར་ནང་མེད་དུ་མི་རུང་བའི་སྨན་རྫས་ཡིན་པས་ལག་ལེན་དུ་སྤྱོད་མང་ལ། བཙོ་ཐལ་ནི་ཚེ་བསྲིང་བ་དང་ཁམས་སྲུང་བ། དུག་སེལ་ཞིང་སྲིན་གསོད་པའི་ནུས་པ་ཡོད་པའི་སྨན་མཆོག་ཅིག་ཡིན་ལ་ད་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་མ་ཟད་རྒྱལ་ཁབ་རིམ་པའི་ཁག་དང་པོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཡང་ཚུད་ཡོད།

༢.png

ཐེངས་འདིའི་དངུལ་ཆུ་འདུལ་སྦྱོང་དང་རིན་ཆེན་སྦྱོར་བཟོ་ལ་སྔོན་འགྲོའི་སྐབས་སུ་ཆེད་དོན་ཚོགས་འདུ་མང་དུ་འཚོགས་པ་དང་། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་དག་སྐུ་དངོས་སུ་འདུལ་སྦྱོང་ཉམས་མྱོང་ཡོད་པའི་དགེ་རྒན་དག་གི་མདུན་སར་བཅར་ནས་ཉམས་མྱོང་བསྡུ་རུབ་བྱས་ཤིང་། དངོས་གཞིའི་སྐབས་སུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་དགའ་བོས་བརྒྱུད་རིམ་ཧྲིལ་བོར་མཛུབ་ཁྲིད་དང་དེང་རབས་ཀྱི་ལག་ཆ་བཀོལ་ནས་སྲོལ་རྒྱུན་གྱི་ཉིན་ཞེ་ལྔའི་འདུལ་ཡུན་ཉིན་ཉི་ཤུར་ཐུང་དུ་བཏང་བར་མ་ཟད། རྐང་ཚ་རྫོང་གི་བོད་སྨན་སྨན་པ་ཉི་ཤུ་ལྷག་ལ་དངུལ་ཆུ་འདུལ་སྦྱོང་གི་གཞུང་དང་ལག་ལེན་སྦ་གསང་མེད་པར་བུམ་པ་གང་བྱོའི་ཚུལ་དུ་གནང་བས་བོད་སྨན་གྱི་རྐང་འཛིན་མི་སྣ་ཉི་ཤུ་ལྷག་སྐྱེད་སྲིང་བྱས་ནས་རྐང་ཚ་རྫོང་གི་བོད་སྨན་འདུལ་སྦྱོང་དང་ལག་ལེན་རྒྱུན་འཛིན། སྨན་སྣ་གསར་བཟོ་སོགས་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་ཞིག་བཞག་པར་མ་ཟད། རྐང་ཚ་རྫོང་གིས་རིན་ཆེན་སྨན་སྣ་སྦྱོར་བཟོ་མི་ཐུབ་པའི་ལོ་རྒྱུས་ཀྱི་སྟོང་ཆའང་བསྐངས་ཡོད། 

༣.png

སྨན་པ་ཉི་ཤུ་ལྷག་གིས་ལོ་ངོ་ཆིག་སྟོང་ལྷག་ལ་རྒྱུན་འཛིན་བྱས་ཡོད་པའི་འདུལ་སྦྱོང་གི་ལག་ལེན་ལ་བརྟེན་ནས་ཉིན་ཉི་ཤུའི་རིང་དཀའ་བ་ཁྱད་དུ་བསད་ནས་སྤྱི་རྒྱ་བདུན་བཅུ་ཡོད་པའི་བཙོ་ཐལ་དངོས་སུ་ལེགས་གྲུབ་བྱུང་ནས་རིན་ཆེན་སྦྱོར་བཟོའི་སྨན་སྣ་བཅུ་ལྷག་སྡེབ་ལ། ལེགས་པའི་བྱས་འབྲས་འདི་ནི་གོང་རིམ་ཏང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་དག་གིས་རྒྱབ་སྐྱོར་དང་འབྲལ་ཐབས་མེད་ལ། བོད་སྨན་སྨན་པ་དག་དང་རྐང་ཚ་རྫོང་གི་གསོ་རིག་དོན་གཉེར་བ་དག་དང་ཡང་འབྲལ་ཐབས་མེད།

༤.png

གོམ་སྟབས་རྗེས་མར། རྐང་ཚ་རྫོང་གིས་ཀྲུང་བོད་ཕྱི་གསུམ་གཙོ་བོར་བཟུང་བའི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ནས་བོད་ལུགས་གསོ་རིག་གི་གཞུང་དང་རྒྱུན་འཛིན། གསར་གཏོད། ཐོན་སྐྱེད་སོགས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཁྱད་ཆོས་འཛིན་པ། ཕན་ཐོགས་ཡོད་པ།  གཙོ་གནད་རྟོགས་པ། ཆོས་ཉིད་དང་མཐུན་པ། འཕེལ་རྒྱས་ཐུབ་པ་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་དང་། བོད་སྨན་སྡེབ་སྦྱོར་འཕེལ་རྒྱས་དང་ནད་ཐོག་སྨན་བཅོས་ཟུང་དུ་སྦྲེལ་ནས་བོད་སྨན་སྡེབ་སྦྱོར་འཕེལ་རྒྱས་སུ་བཏང་ནས་ཕན་ནུས་ཆེ་བའི་སྨན་སྣ་མང་དུ་སྡེབ་རྒྱུ་དང་། རྒྱུན་མཐུད་ངང་ཀྲུང་བོད་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་ནས་སྲིད་ཇུས་ལ་ཤུགས་སྣོན་དང་མ་དངུལ་འགན་སྲུང་། ནང་ཁུལ་འཛུགས་སྐྲུན། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་གཅིག་གྱུར་འཆར་འགོད་བྱས་ནས་ཀྲུང་བོད་གསོ་རིག་གི་ཁམས་གསོ་དང་རིག་གནས་ཡུལ་སྐོར་སོགས་ཐོན་ལས་གཏིང་ཟབ་སྒོས་མཉམ་འདྲེས་ཡོང་བར་བྱས་ཏེ་རྐང་ཚ་རྫོང་གི་ཀྲུང་བོད་གསོ་རིག་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།